Latest News

Auspicious Prayers for Mutso Khandro Rinpoche

Happy Birthday to H.H Mutso Khandro Rinpoche
མཁའ་འགྲོ་ཡིད་བཞིན་ནོར་བུའི་ཞབས་བརྟན་གེ་སར་རྡོ་རྗེ་ཞེས་བྱ་བ།
ན་མོ་གུ་རུ་བིརྱ་དྷཱ་ར་དྷརྨཱ་ཏཱ་ར་ཡེ།།
ཆོས་དབྱིངས་རབ་འབྱམས་མཁའ་འགྲོ་རྒྱ་མཚོའི་དཔལ།།
རྒྱལ་ཀུན་དགྱེས་པའི་སོར་རྟོག་ཡེ་ཤེས་ཉིད།།
གསུང་གི་དབང་ཕྱུག་རིག་འཛིན་དབྱངས་ཅན་མས།།
ཀུན་ཏུ་ཤིས་པའི་དགེ་ལེགས་དེང་འདིར་སྩོལ།།
སྐྱེ་མེད་ཀུན་བཟང་ཆོས་སྐུའི་ཡུམ་ཆེན་མོ།།
འགག་མེད་ལོངས་སྐུའི་རོལ་རྩལ་ཝ་ར་ཧི།།
མཚུངས་མེད་སྤྲུལ་པའི་གར་མཁན་མཚོ་རྒྱལ་མ།།
དབྱེར་མེད་ཌཱཀྐིའི་གཙོ་མོ་ཞབས་བརྟན་ཤོག།
འཕགས་ཡུལ་མཁའ་འགྲོ་སྭ་ར་སྭཱ་སྟི་དང་།།
རིག་འཛིན་སྲས་མོ་མི་འགྱུར་དཔལ་གྱི་སྒྲོན།།
སྤྲུལ་པའི་མྱུ་གུ་མུ་མེད་ཡེ་ཤེས་མཚོ།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་གྲུབ་ཤོག།
མུ༵་མེད་ཀུན་གསལ་མཉམ་པའི་ཕྲིན་ལས་དཔལ།།
ཀུན་བཟང་མཛད་པ་རྒྱ་མཚོ༵འི་སྤྲིན་སྤྲོ་བའི།།
རྒྱལ་ཀུན་ཡུམ་གྱུར་རྒྱལ་སྲས་དཔའ་མོ་རྗེ།།
མཁའ་འགྲོ་ཡིད་བཞིན་ནོར་བུ་ཞབས་བརྟན་ཤོག།
སྐུ་ཚེ་མི་ཤིགས་གཉུག་མ་རྡོ་རྗེའི་ཁམས།།
གསུང་ཆོས་རྫོགས་པ་ཆེན་པོ་རྗེན་གཅེར་སྟོན།།
ཐུགས་རྗེ་རིགས་ཀུན་ཁྱབ་བདག་མཁའ་འགྲོ་མའི།།
དགོངས་དོན་མཐའ་དག་བདེ་མྱུར་ལྷུན་གྲུབ་ཤོག།
ཅེས་རབ་གནས་ས་ཕག་རྒྱལ་ཟླའི་ཡར་ངོའི་དགའ་བ་དང་པོར་ཨ་མ་ཨོ་རྒྱན་སྒྲོལ་མ་དང་མཁའ་འགྲོ་རིག་འཛིན་དབྱངས་ཅན་ལྷ་མོ་སོགས་དམ་པ་དུ་མས་སྐུལ་བ་དང་རང་ཡང་མཁའ་འགྲོ་ཉིད་ལ་མི་ཕྱེད་དད་པས་ཀུན་ནས་སློང་སྟེ་གང་ཤར་དུ་མཁའ་འགྲོ་ཡིད་བཞིན་ནོར་བུའི་སྐུ་ཚེ་བརྟན་སྨོན་དུ་རིག་འཛིན་རྒྱལ་བའི་གྲལ་མཐའ་ལ་གནས་པའི་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་དབྱིན་ཡུལ་ཨེ་ཝཾ་ཀུན་གསལ་ཆོས་གླིང་ནས་སྨོན་པར་དགེའོ།། །།