Today is Dharma Paladay! We did meditation and take care of Maha Garuda in Dzogchen Kalachakara retreat.
མེད་གླུ་ཟབ་མདོའི་ཟློས་གར།
ཨ་ཨ་ཨ།།
ཆོས་དབྱིངས་ངོ་བོ་བདེན་གྲུབ་རྡུལ་ཙམ་མེད།།
འོད་གསལ་རང་བཞིན་མ་དག་སྣང་བ་མེད།།
སྤྲུལ་སྐུའི་ཐུགས་རྗེ་རྫུན་ཚིག་དྲི་མ་མེད།།
མེད་གླུ་འདི་ལ་འཁྲུལ་བ་ཏིལ་ཙམ་མེད།།
སྨྲ་བསམ་བརྗོད་མེད་ཤེས་རབ་ཕར་ཕྱིན་མེད།།
མཚན་ཉིད་མེད་དང་མ་སྐྱེས་མ་འགགས་མེད།།
དྲི་མ་མེད་དང་དྲི་བ་གང་ཡང་མེད།།
དུས་གསུམ་དུས་མེད་འཁོར་འདས་གཉིས་ཀ་མེད།།
བླ་མ་རང་རིག་ཉིད་ལས་ལོག་ན་མེད།།
ཡི་དམ་རྒྱལ་བ་འཁོར་བའི་ཀློང་ན་མེད།།
མཁའ་འགྲོ་དྲན་ཤེས་སེམས་པའི་ཕྱི་ན་མེད།།
ཆོས་སྐྱོང་ཕྱོགས་རིས་མཛད་པའི་རྣམ་ཐར་མེད།།
དཔྱད་གསུམ་རྣམ་པར་དག་ན་གང་ཡང་མེད།།
གཟུགས་མེད་སྒྲ་མེད་དྲི་མེད་རོ་ཡང་མེད།།
རེག་བྱ་ལ་སོགས་ཚོགས་དྲུག་ཕྱི་ནང་མེད།།
ཁམས་དང་སྐྱེ་མཆེད་མེད་ཀྱང་རྟེན་འབྲེལ་མེད།།
སྟོང་པ་ཉིད་མེད་ངོ་བོ་ཉིད་ཀྱང་མེད།།
ས་ལམ་ཡེ་ཤེས་ཡོན་ཏན་རྣམས་ཀྱང་མེད།།
བདེ་གཤེགས་ཉིད་མེད་ཐོབ་དང་མ་ཐོབ་མེད།།
བདག་ལ་འཇིགས་པ་མེད་ཀྱང་སྐྲག་པ་མེད།།
ཏདྱ་ཐ། ཨོཾ་ག་ཏེ་ག་ཏེ་པ་ར་ག་ཏེ་པ་ར་སཾ་ག་ཏེ་བྷོ་ཏི་ཡེ་སྭཱ་ཧཱ།
མེད་གླུ་ལེན་དང་བླངས་འཁན་པོ་ཡང་མེད།།
ལྷ་མེད་སྔགས་མེད་དམ་ཚིག་སྡོམ་པ་མེད།།
རྣམ་གྲངས་ཡོད་མེད་སྤྲང་པོའི་མནའ་ཚིག་མེད།།
ཅི་ཡང་མེད་པའི་རྒྱང་འཕེན་པ་ཡང་མེད།།
མེད་པའི་མེད་ངོ་ཤེས་པའི་གདམས་ངག་མེད།།
མེད་པ་རྟག་ཆད་གོལ་སའི་གཡང་ས་མེད།།
མེད་དང་ཡོད་མེད་རྩོད་པའི་དོ་ར་མེད།།
མེད་པ་གནམ་ས་མེད་ཀྱང་ང་ཡང་མེད།།
སྦྱོར་བ་ཀུན་སློང་བཟང་ངན་གང་ཡང་མེད།།
དངོས་བཞི་དམིགས་བཅས་དམིགས་མེད་གང་ཡང་མེད།།
རྗེས་སུ་བསྔོ་བ་སྨོན་ལམ་གང་ཡང་མེད།།
མེད་མེད་ཐམས་ཅད་མེད་དོ་ས་མ་ཡ།།
འགགས་པ་མེད་ཀྱང་སྐྱེ་བ་ཐམས་ཅད་མེད།།
ཆད་ལ་མེད་ཀྱང་རྟག་བརྟན་འཛིན་པ་མེད་
འོང་བ་མེད་ཀྱང་འགྲོ་དང་འགྲོ་སར་མེད།
སྤྲོས་པ་མེད་ཀྱང་མ་སྤྲོས་ཟེར་བ་མེད།
ཅེས་པ་འདི་ཡང་རབ་གནས་ས་ཁྱི་རྒྱལ་ཟླའི་དབང་ཕྱོགས་སྟོང་པ་གསུམ་པར་ཨ་བདག་མེད་ཀྱི་ངོར་ཤྲཱིཿཨེ་མ་ཧོས་ཨེ་ཝཾ་ཀུན་བཟང་ཆོས་གླིང་ནས་སྤྱི་ལོ་༢༠༡༩-༡-༤ལའོ།།