Rinpoche in Nubchen Meditation – Santa Fe
Meditation in Nubchen cave in Santa Fe, New Meixco
བསམ་གཏན་མིག་སྒྲོན་དང་ཧ་ཤང་གི་ལྟ་སྒོམ།
གྲོག་མ་ལ་དཔྱད་པ་དགོས་འདུག
དྲིན་ཆེན་བླ་མ་རྣམས་ལ་ཕྱག་འཚལ་ལོ། །
གཅིག །
དེ་ལ་འདིར་བསམ་གཏན་མིག་སྒྲོན་ཞེས་པའི་བསྟན་བཅོས་འདིའི་རྩོམ་པ་པོ་ནི། མདོ་སྒྱུ་སེམས་གསུམ་གྱི་བཀའ་བབས་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས (826 – 956) ཡིན་ཞིང་། ཁོང་ནི་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང༌། བལ་པོ་དང་། རྒྱ་གར། བྲུ་ཤའི་ཡུལ་སོགས་སུ་ཕེབས་ནས་སློབ་དཔོན་དཔལ་གྱི་སེང་གེ་གཙོས་བླ་མ་བཅུ་གཅིག་ཙམ་ཞབས་ནས་བཏེགས། སློབ་དཔོན་པདྨས་སྒྲུབ་ཆེན་བཀའ་བརྒྱད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བས་གྲུབ་པ་བརྙེས། སྔ་ཕྱིར་རྒྱ་གར་ལ་ལན་བདུན་ཙམ་ཕེབས། བསམ་ཡས་སུ་ལོ་ཙཱའི་གྲྭར་ཞུགས་ནས་ཆོས་མང་དུ་བསྒྱུར། ཧ་ལམ་དགུང་ལོ་བརྒྱ་དང་སུམ་ཅུ་ཙམ་བཞུགས་ཡོད་པས། ཁྲི་སྲོང་ལྡེའུ་བཙན་ནས་དཔལ་འཁོར་བཙན་བར་གྱི་མི་ཞིག་ཡིན།
ཁོང་ནི་ཧ་ཤང་དང་ཀ་མ་ཤཱི་ལའི་རྩོད་པ་བྱེད་སར་ཡོད་པ་མ་ཚད་སློབ་དཔོན་ཀ་མ་ལ་ཤཱི་ལའི་མདུན་ནས་ཆོས་ཀྱང་ཐོབ་མྱོང་སྐད། ཁོང་གི་གསུང་རྩོམ་གཞན་ཡང་རྣལ་འབྱོར་རིག་པའི་ཉི་མ་དང་། མདོ་འགྲེལ་མུན་པའི་གོ་ཆ་སོགས་དུས་ད་ལྟའང་བཞུགས་ཡོད། བསམ་གཏན་མིག་སྒྲོན་བརྩམ་པའི་དགོས་པ་ནི། དེ་ཉིད་ལས། རྣལ་འབྱོར་མིག་གི་བསམ་གཏན་གྱི་སྐབས་འདིར་སྟོན་མུན་དང༌རྫོགས་ཆེན་ཆ་འདྲ་བས་གོལ་དུ་དོགས་པའི་ཕྱིར་རྒྱས་པར་བཀོད་དོ། ། ཞེས་གསུངས་ཤིང་། ཧ་ཤང་གི་ལྟ་བ་ཅིག་ཆར་བ་དེ་དང་རྫོགས་པ་ཆེན་པོ་གཉིས་མི་འདྲ་བའི་ཁྱད་པར་དེ་ཉིད་བརྗོད་བྱའི་གཙོ་བོར་བཟུང་འདུག །ཡིན་ན་ཡང་དེའི་ཞར་ལ་ཀ་མ་ལ་ཤཱི་ལ་དང་ཧ་ཤང་མ་ཧཱ་ཡ་ན་གཉིས་གཤིབ་བསྡུར་མཛད་པའི་སྒོ་ནས་དེ་གཉིས་ཀྱི་ལྟ་གྲུབ་ཀྱང་ཅུང་རྒྱས་པ་ཞིག་གླེངས་ཡོད་པ་རེད།
བསྟན་བཅོས་འདི་ལ་ལེའུ་བརྒྱད་ཡོད་ཅིང་། མཆན་བུ་ཅན་གྱི་པོད་འབྲིང་ཞིག་བཞུགས། འདིའི་ལེའུ་བཞི་པས་ཀ་མ་ལ་ཤཱི་ལའི་རིམ་གྱིས་པའི་ལྟ་གྲུབ་བསྟན་པ་དང་། ལེའུ་ལྔ་པས་ཧ་ཤང་མ་ཧཱ་ཡ་ནའི་ཅིག་ཆར་བའི་ལྟ་གྲུབ་བསྟན་གནང་འདུག །
གཉིས།
སྐབས་འདིར་བསམ་གཏན་མིག་སྒྲོན་གྱིས་བསྟན་པའི་ཧ་ཤང་མ་ཧཱ་ཡ་ནའི་ལྟ་སྒོམ་ཅུང་ཟད་གླེང་ན། དེ་ཡང་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལའི་འདོད་པའི་ལྟ་སྒོམ་དེ་ནི་ཧ་ཤང་མ་ཧཱ་ཡ་ནའི་ལུགས་ལ་ལྟོས་ན་གདུལ་བྱ་དབང་པོ་རྟུལ་བོ་དང་། ས་ལམ་བགྲོད་ཚུལ་གྱི་དབང་དུ་བཏང་ན་ཡང་ལམ་རིམ་གྱིས་པ། བཀའ་ཡི་ངོས་ནས་བལྟས་ན་དྲང་བའི་དོན་གྱི་མདོ་སྡེ་ཡོངས་སུ་མ་རྫོགས་པའི་གཞུང་གི་དགོངས་པ་ཡིན་པར་གསུངས་ཤིང་། རྒྱ་ནག་གི་སློབ་དཔོན་ཧ་ཤང་གི་ལྟ་སྒོམ་དེ་ནི་དབང་པོ་རྣོན་པོའི་ཆོས་དང་། ལམ་གཅིག་ཆར་བ། ཡོངས་སུ་ཆ་ཚང་བའི་མདོ་སྡེའི་གཞུང་གི་དགོངས་པ་ཡིན་པར་བསྟན་གནང་འདུག ། ད་དུང་རྫོགས་པ་ཆེན་པོ་ནི་ཧ་ཤང་གི་ལྟ་གྲུབ་ལས་ཁྱད་པར་རྣམ་པ་བཅུ་ཡིས་འཕགས་པར་བསྟན་ཅིང་། དེ་བཞིན་དུ་སྟོན་མུན་པ་ཧ་ཤང་མ་ཧཱ་ཡ་ནའི་ལྟ་སྒོམ་ནི་ཀ་མ་ལ་ཤཱི་ལའི་ལྟ་སྒོམ་ལས་ཀྱང་ཐབས་ཀྱི་ཁྱད་པར་དང་། འཇུག་ལུགས་ཀྱི་ཁྱད་པར། སྤྱོད་པའི་ཁྱད་པར། ཏིང་ངེ་འཛིན་གྱི་ཁྱད་པར། རྣམ་རྟོག་བཅོས་པའི་ཁྱད་པར། སྒྲིབ་པ་སྦྱོང་བའི་ཁྱད་པར། བསྒྲུབ་པའི་ཁྱད་པར། ཚོགས་ཀྱི་ཁྱད་པར། རྟོགས་པའི་ཁྱད་པར། འགྲོ་དོན་གྱི་ཁྱད་པར་ཏེ་རྣམ་པ་བཅུ་ཡིས་ཁྱད་དུ་འཕགས་པར་གསུངས་སོ། །
ཁུངས་བཙན་ལ་ཚིག་གསལ་བའི་གནུབས་ཆེན་གྱི་གསུང་འདི་དག་ལ་མཇལ་བ་ཙམ་གྱིས། དེ་སྔོན་བོད་ཀྱི་མཁས་པ་གནམ་གྱིས་ས་བཀབ་པ་ལྟ་བུ་དེ་དག་གིས། སློབ་དཔོན་ཧ་ཤང་གི་ཕྱོགས་སུ་འཕངས་པའི་ལུང་རིགས་ཀྱི་མཆེ་སྡེར་རྣོན་པོ་དག་རང་ཤུགས་ཀྱིས་དྲན་པར་བྱེད། ད་དུང་སྟོན་མུན་དང་ཙེན་མུན་གང་གི་ཡང་ཕྱོགས་སུ་མ་ལྷུང་བའི་ཡིག་ཆ་ཚད་ལྡན་དང་སྐད་ཆ་དྲང་མོ་དེ་དག་ཀྱང་དྲན་པར་བྱེད་དོ། །
ཏུན་ཧོང་བྲག་ཕུག་ནང་ནས་རྙེད་པའི་ཧ་ཤང་གི་གསུང་རྩོམ་དེ་དག་ལ་བལྟས་ཡོང་ན། ཧ་ཤང་གིས་ཐེག་ཆེན་ངེས་དོན་དབུ་མ་པའི་ལུགས་བཟུང་སྟེ་ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྟེན་འབྲེལ་སྒྱུ་མའི་མཚན་ཉིད་ཅན་ཡིན་པ་དང་། དོན་དམ་པར་སྐྱེ་བ་མེད་པ་དང་ཡོད་མེད་མཐའ་གང་ལ་ཡང་མི་གནས་པ་ཡིན་ལུགས་སོགས་སོ་སོར་ཕྱེས་ནས་བཞག་འདུག་པར་མ་ཟད། ཤེས་རབ་ཀྱི་ཕར་ཕྱིན་གཅིག་པུས་ཆོག་གི་ཡོད་པ་ལྟ་བུའི་འཁོར་གསུམ་རྣམ་དག་གི་ཉམས་ལེན་དེའང་ངེས་དོན་གྱི་ལྟ་སྒོམ་འཇིག་རྟེན་ལས་འདས་པའི་ཕར་ཕྱིན་གྱི་ངོས་ནས་གསུང་གིན་ཡོད་ལུགས་གསལ་བཤད་གནང་སྟེ། གསེར་འོད་དམ་པ་དང་། ཟླ་བ་སྒྲོན་མེ་སོགས་ངེས་དོན་མཐར་ཐུག་པ་སྙིང་པོ་བསྟན་པའི་མདོའི་ལུང་འདྲེན་མཛད་ཡོད་པས། སློབ་དཔོན་ཆེན་མོ་ཧ་ཤང་གི་ལྟ་བ་དྲན་མེད་མུན་སྒོམ་ཡིན་ལུགས་དང་། དམིགས་བཅས་ཀྱི་ཚོགས་གཏན་ནས་འགོག་གིན་ཡོད་པ་ལྟར་བྱས་ཏེ་དགག་པ་མང་དུ་བྱུང་བ་འདི་དག་ནི། ཞིབ་ཏུ་དཔྱད་ན་དབུ་སྐྲ་བཞར་ཞིང་ཆོས་གོས་དང་སྣམ་སྦྱར་འཁྱེར་བའི་ཧ་ཤང་དེ་ལ་ཁོང་རང་ཉིད་ཀྱི་ལྭ་རིང་དེ་དང་མི་འཚམ་པའི་བོད་ཞྭ་ཆེན་པོ་ཞིག་ཀྱང་གཡོགས་ཡོད་པའི་སྣང་བ་སྟེར་ཡོང་།
གསུམ།
བསྟན་པ་ཕྱི་དར་སྐབས་ཀྱི་བོད་རང་གི་མཁས་པ་རྣམས་ཀྱིས། ཧ་ཤང་མ་ཧཱ་ཡ་ནའི་སྐོར་ལ་དཔྱད་པ་དང་དགག་བཞག་མང་དུ་མཛད་ཡོད་ན་ཡང་། སྐབས་འདིར་རྙིང་མ་པའི་ཕྱོགས་ཀྱི་མཁས་པའི་བཞེད་ཕྱོགས་མི་འདྲ་བ་རྣམས་ལ་ཅུང་ཟད་དཔྱད་པ་བྱས་ན། བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྗེ་ཙོང་ཁ་པ་ཆེན་མོ། ཇོ་ནང་ཏཱ་ར་ནཱ་ཐ། ཀརྨ་པ་མི་བསྐྱོད་རྡོ་རྗེ་སོགས་ཀྱི་བཞེད་པ་ཡང་དོན་གྱིས་ཁྱམས་གཅིག་ཏུ་གོ་ཐུབ་པའོ། །
དེང་སང་གི་རྙིང་ལུགས་པ་མང་ཆེ་བས་ཀ་མ་ལ་ཤཱི་ལས་སྒོམ་རིམ་བར་ཐ་དང་སྦ་བཞེད་སོགས་ཡིག་ཆ་འགའ་ཞིག་གིས། ཕྱོགས་སྔ་སུ་ཞིག་ལ་སྐྱོན་བརྗོད་དྲག་པོ་མཛད་ཡོད་པ་དེ་བཞིན་དུ། ཧ་ཤང་གི་ལྟ་བ་དེ་ཉིད་ནི་ལུང་རིགས་ཀྱི་དཔྱད་པ་སྔོ་དུ་འགྲོ་མི་དགོས་པར། དྲན་མེད་མུན་སྒོམ་ཡིན་ལུགས་དང་། དཔྱད་པ་བཀག་པའི་ལུགས་ཏེ་སོ་སོར་རྟོགས་པའི་ཤེས་རབ་སྤོང་བའི་ལྟ་བ་ངན་པ་ཡིན་པ་སོགས་ཀྱིས་སྐྱོན་བརྗོད་མཛད་བཞིན་འདུག་མོད། དེ་དག་གིས་ནི་ཡིག་ཆ་ཕྱོགས་རེ་བ་དག་མཐོང་བས་དེའི་ནང་དུ་རིས་སུ་ཆད་པར་སྣང་སྟེ། བསམ་གཏན་མིག་སྒྲོན་གྱི་སྟོན་མུན་ཅིག་ཆར་བ་བསྟན་པའི་སྐབས་སུ། འདི་སྐད་དུ། དེ་ལ་ལྟ་བས་ཐག་བཅད་པ་ལ་ཡང་གསུམ་སྟེ། བྱ་བ་ཐམས་ཅད་དང་བྲལ་བ་ལ་མཐའ་མེད་པར་ཐག་བཅད་པ་དང༌། གཉིས་སུ་མེད་པར་དོན་དམ་གཅིག་པར་ཐག་བཅད་པ་དང༌། དོན་དེར་ཐམས་ཅད་འདུས་པའི་འབྲས་བུ་ལ་རེ་ཐག་མེད་པར་ཐག་བཅད་པའོ། ། དེ་ཡང་རིགས་པ་དང་ལུང་གིས་བཤད་དེ། ཞེས་ཧ་ཤང་གིས་ལུང་རིགས་ལ་བརྟེན་ནས་ལྟ་བ་ཐག་གཅོད་ཀྱི་ཡོད་པ་གསལ་པོར་གསུངས་འདུག་པ་དང་། ད་དུང་ཏུན་ཧོང་ཡིག་རྙིང་ནང་གི་ཅིག་ཅར་འཇུག་པ་རྣམ་པར་མི་རྟོན་པའི་བསྒོམས་དོན་ཞེས་པའི་གཞུང་ལས། གང་ཟག་བདག་མྱེད་ཅེས་བྱ་བ་ནྀ། བདག་དང་སེམས་ཅན་དང་། སྲོག་དང་། ང་དང་ངྀའི་ལ་སྩོགས་པ་མྱེད་པར་རྟོགས་པའོ། །ཆོས་ལ་བདག་མྱེད་ཅེས་བྱ་བ་ནྀ། ཕྱོགས་ཆ་མྱེད་པའྀ་རྡུལ་ཕྲན་ཡན་ཅད་ཕྱྀ་ནང་གྀ་ཆོས་ཐམས་ཅད་དངོས་པོར་མ་གྲུབ་ཅྀང་བདག་མྱེད་པར་རྟོགས་པའོ། །” ཞེས་བདག་མེད་པ་གཉིས་གཏན་ལ་འབེབ་བཞིན། ཕྱོགས་ཆ་བརྟག་པའི་རིགས་པ་སྤྱོད་གནང་གིན་འདུག་ན། ཧ་ཤང་གིས་དཔྱད་པ་བཀག་གོ་ཟེར་བའི་གཏམ་དེ་དག་ཇི་ལྟར་བདག་པོ་བྱེད་རྒྱུ་ཡིན་ལགས།
ཡང་ཁ་ཅིག་གིས། ཧ་ཤང་གི་སྒོམ་དེས་ནི་གླེན་པ་གོམས་པར་བྱེད་པ་ཡིན་ལུགས་དང་། ལྟ་གྲུབ་དེ་ཆེས་བཟང་ན་ཡང་ཞི་གནས་ཀྱི་ཐབས་ཙམ་ཞིག་ཡིན་པ་ལས་ལྷག་མཐོང་གི་མན་ངག་གཏན་ནས་མེད་དོ་སོགས་ཀྱང་ཟེར་རོ། ། དེ་ལ་ཀུན་མཁྱེན་ཆེན་པོ་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱིས་ནི། གནས་ལུགས་རིན་པོ་ཆེའི་མཛོད་ཀྱི། རང་བྱུང་རིག་པ་དོན་དམ་ཉི་མ་ལ། ། དགེ་སྡིག་དཀར་ནག་གཉིས་ཀའི་སྤྲིན་གྱིས་བསྒྲིབས། ། བླང་དོར་འབད་རྩོལ་ཞེན་པའི་གློག་གིས་གདུངས། ། བདེ་སྡུག་འཁྲུལ་སྣང་ཆར་གྱི་རྒྱུན་བབས་པས། ། འཁོར་བའི་ས་བོན་འགྲོ་དྲུག་ལོ་འདབ་རྒྱས། ། ཀྱེ་མ་ཉམ་ཐག་འགྲོ་དྲུག་སྙིང་རེ་རྗེ། ། ཞེས་པའི་ཐད་ཀྱི་རང་འགྲེལ་ལས། སློབ་དཔོན་ཆེན་པོ་ཧ་ཤང་གིས་གསུངས་པས་དེ་དུས་བློ་དམན་པའི་བློར་མ་ཤོང་ཡང་དོན་ལ་དེ་བཞིན་དུ་གནས་སོ། ། ཞེས་གསུངས་ནས་རྒྱ་ནག་གི་སློབ་དཔོན་ནི་གླེན་སྒོམ་མུན་པའི་ལྟ་བ་ཅན་ཞིག་མིན་པར་བཞེད་དོ། །
ལུང་འདིའི་དོན་ལ་གོ་བ་ལེན་མཁན་རྙིང་མའི་ཕྱི་རབས་པ་འགའ་ཞིག་གིས། དགེ་སྡིག་བླང་དོར་མི་བྱ་བར་བཤད་པ་དེ་ཉིད་དོན་ལ་གནས་སོ་ཞེས་པའི་དོན་མ་ཡིན་གྱི། གནས་ལུགས་མཉམ་ཉིད་ཀྱི་ངང་དུ་བྱ་བྱེད་དང་བྲལ་བ་དེ་དོན་ལ་གནས་སོ་ཞེས་པའི་དོན་ཡིན་ནོ་སོགས་དགོངས་འགྲེལ་མཛད་བཞིན་འདུག་མོད། སྐབས་དེ་དུས་ཧ་ཤང་གི་ལྟ་བ་དེ་ཉིད་བློ་རུ་མི་ཤོང་བའི་བློ་དམན་དེ་སུ་ཡིན་ཐད་གསལ་བཤད་དོན་མཐུན་ཞིག་ངེས་པར་དུ་གནང་དགོས་པ་ལ་སུས་ཀྱང་བཤད་ཐུབ་ཀྱི་མེད་པ་འདྲ།
གནུབས་ཆེན་སངས་རྒྱས་ཡེ་ཤེས་དང་ཉང་ཉི་མ་འོད་ཟེར་སོགས་ཀྱིས་གསུངས་པ་ལྟར་ན། ཧ་ཤང་མ་ཧཱ་ཡ་ནའི་ལྟ་བ་བློ་རུ་མི་ཤོང་མཁན་དེ་ནི་དབུ་མ་རང་རྒྱུད་སྨྲ་བ། རྣམ་གྲངས་པའི་དོན་དམ་རྩལ་དུ་འདོན་མཁན་གྱི་ཤར་པའི་སློབ་དཔོན་ཀ་མ་ལ་ཤཱི་ལའི་རྗེས་འབྲང་དག་ཡིན་པ་ལྟ་བུ་ཞིག་མཛད་ཡོད། འདི་ལྟར་བརྟགས་ན་ཀ་མ་ལ་ཤཱི་ལ་དང་ཧ་ཤང་མ་ཧཱ་ཡ་ན་གཉིས་ཀྱི་འགལ་རྩོད་དེའང་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད། ཟླ་བ་གྲགས་པ་སོགས་ཀྱི་དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བའི་བར་གྱི་འགལ་རྩོད་རྣམ་ཐར་ལྟ་བུ་ཞིག་ཏུ་མཐོང་གིན་འདུག །
ལ་ལ་ཞིག་ན་རེ། རིམ་གྱིས་པའི་གང་ཟག་རྣམས་ཀྱིས་རྟོགས་པར་མི་ནུས་ཤིང་གོལ་ས་ཆེ་བར་དགོངས་ནས་ཧ་ཤང་ལ་དགག་པ་མང་དུ་བྱུང་བ་ཡིན་གྱི། ཧ་ལྟ་རང་ངོས་ནས་ཕྱིན་ཅི་ལོག་ཏུ་སོང་བས་མིན་ནོ་སོགས་ཀྱང་ཟེར་རོ། ། དེ་ལྟར་ན། ཧ་ཤང་ཁྱོད་ཀྱིས་དབང་རྟུལ་ལ་ཟབ་ཆོས་བསྟན་སོང་ཟེར་ནས་འགོག་དགོས་ཀྱི། རྫུན་དང་ཕྲ་མ་ཡི་ཐབས་ཀྱིས་དྲན་མེད་མུན་སྒོམ་སོགས་ཟེར་མི་རིགས་ལ། སློབ་དཔོན་ཀ་མ་ལ་ཤཱི་སོགས་ཀྱི་ཕྱོགས་སུ་ཡང་གཤོག་ལྡན་ལ་ཐེམ་སྐས་བཙུགས་པའི་སྐྱོན་ཆ་འབྱུང་ཡོང་བས། སྨྲ་བ་འདི་དག་ནི་གཟུ་བོར་གནས་པ་མ་ཡིན་ནོ། །
བོད་ཀྱི་ཆོས་ཁུངས་རྒྱ་གར་ཕྱོགས་སུ་གཏུག །
ཆུ་མགོ་གངས་ལ་ཐུག་པ་བཞིན་དུ་མཛེས། །
འོན་ཀྱང་རྒྱ་ཡི་སློབ་དཔོན་ཆེན་མོ་དེར། །
ཆོས་མིན་སྙོན་དོར་བྱེད་དོན་ལར་ནས་མེད། །
ཅེས་ཀྱང་སྨྲའོ། །
བཞི།
ད་ནི། ཡིག་ཚང་རྙིང་པ་སྦ་བཞེད་སོགས་ལས་བཤད་པའི་ཀ་དང་ཧ་གཉིས་ཀྱི་གསལ་གསལ་རྗེན་རྗེན་ལྟ་བུའི་རྩོད་གླེང་གཏམ་རྒྱུད་དེ་དག་ཀྱང་ག་ལེར་རབ་རིབ་མག་མོག་ཏུ་གྱུར་ཅིང་། ལོ་རྒྱུས་དང་རྣམ་ཐར་ལྟ་བུའི་དེ་སྔའི་ཧ་ཤང་ཕམ་པར་བྱས་པའི་སྐད་ཆ་གསོན་པོ་དེ་དག་ཀྱང་སོ་སོའི་རྗེས་འབྲང་གིས་སྨྱུག་རྩེས་བཟོས་པ་ལྟ་བུའི་སྒྲུང་དང་གཏམ་རྒྱུད་ལ་གྱུར། ཧ་ཤང་སྐོར་གྱི་ཏུན་ཧོང་གཏེར་ཡིག་དེ་དག་དང་བསམ་གཏན་མིག་སྒྲོན་སོགས་ཡིག་རྙིང་འདི་དག་ལས་བྱུང་བའི་ཧ་ཤང་མ་ཧཱ་ཡ་ནའི་སྐོར་གྱི་གཏམ་ཐན་ཐུན་རེ་བྱུང་བ་ཙམ་གྱིས། ཀ་མ་ལ་ཤཱི་ལའི་ཕྱག་མཁར་དང་ཧ་ཤང་གི་ལྭ་རིང་དེ་དག་ཀྱང་གསང་བ་ལྐོག་གྱུར་གྱི་ཚུལ་དུ། ལོ་རྒྱུས་དང་ལྟ་གྲུབ་ཞིབ་འཇུག་པ་དག་གི་བསྐྱར་ཞིབ་བྱེད་དགོས་པའི་གནས་སུ་ཕར་གབ་ནས་འདུག
ཀཿཐོག་པ་ཚེ་དབང་རིག་འཛིན་གྱི་ཞལ་ནས་ཀྱང་། ཧ་ཤང་གི་ལྟ་གྲུབ་འགོག་པ་ནི་ཆོས་སྤོང་གི་ལས་ངན་ཡིན་པར་གསུངས་ཤིང་། ཁོང་རང་ཉིད་ནི་བསམ་གཏན་མིག་སྒྲོན་བཞིན་ཁས་ལེན་པར་བྱེད་ལ། དེ་བཞིན་དུ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པས་ཀྱང་། ཧ་ཤང་ནི་བྱ་སྒོང་ལྟ་བུའི་ཕྱོགས་སྔ་ཞིག་མ་ཡིན་པར་ཐོས་པ་ཆེ་ལ་དབང་པོ་རྣོ་བ་ཞིག་ཡིན་པ་སོགས་རྒྱུ་མཚན་མཛད་ནས་བརྙས་རྒྱུ་གཏན་ནས་མེད་ལུགས་མང་དུ་གསུངས་ཡོད་པ་རེད།
ཕི་གླིང་གི་ཞིབ་འཇུག་པ་འགའ་ཞིག་གིས་ཟེར་ན་ཡང་། རྒྱ་གར་གྱི་པཎྜིཏ་དེ་དང་རྒྱ་ནག་གི་སློབ་དཔོན་ཆེན་མོ་དེ་གཉིས་ཀྱི་རྩོད་པ་བྱེད་ས་ན། དེ་གཉིས་ཀྱི་དཔང་པོར་ནུས་ཤིང་། རྒྱལ་ཕམ་ཤན་འབྱེད་ཐུབ་པའི་བོད་ཀྱི་མཁས་པ་ཞིག་སྐབས་དེར་མེད་པས། ཧ་ཤང་དང་ཀ་མ་ལ་ཤཱི་ལ་གཉིས་ནི་བོད་ཀྱི་སྐབས་དེ་དུས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བླངས་དོར་བྱས་པ་ཡིན་རབས་ཀྱང་གླེང་གིན་འདུག
ཉང་ཆོས་འབྱུང་དུ་ནི་ཙེན་མུན་པ་དང་སྟོན་མུན་པ་རྩོད་པ་བྱས་མཐར་ཅིག་ཅར་པའམ་སྟོན་མུན་པའི་ལུགས་དེ་ཉིད་དབང་པོ་ཡང་རབ་སྦྱངས་པ་ཅན་གྱི་ལུགས་ཡིན་ཡང་། རེ་ཞིག་བོད་མཐའ་འཁོབ་རིག་པ་བླུན་པོ་རྣམས་ཀྱིས་རྒྱ་གར་ནས་བསྒྱུར་བའི་ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པ་དེ་ལ། ཆོས་སྤྱོད་བཅུ་སོགས་ཀྱི་སྒོ་ནས་རིམ་གྱིས་འཇུག་དགོས་པར་བཙན་པོས་བཀའ་ནན་དུ་བསྩལ་ཏེ་བོད་ཁམས་ཀུན་ཏུ་དྲིལ་བསྒྲགས་ཤིང་། ཅིག་ཆར་འཇུག་པའི་དཔེ་ཆ་རྣམས་བསྡུས་ཏེ་བསམ་ཡས་སུ་གཏེར་དུ་སྦས་པར་གསུངས་ཡོད། དེར་མ་ཟད། རྒྱ་ཡི་མཁན་པོ་ཡི་མུག་ནས་རང་ཡུལ་དུ་སོང་བ་དང་། ལྷམ་ཡ་གཅིག་བོད་དུ་ལུས་སོང་བ་རེད་ཟེར་བ་སོགས་རྫུན་གཏམ་མང་པོ་བསྒྲགས་པ་སྟེ་དོ་ན་ལ་དེ་ལྟར་མ་ཡིན་ནོ་ཞེས་མངའ་བདག་ཉང་གིས་གསུངས་སོ།།
འདིར་ཁ་ཅིག་ན་རེ། “རྫོགས་ཆེན་བོད་དུ་གདན་དྲངས་རྒྱུར་དགག་བྱ་མ་བྱས་པ་དང་། ཧཱ་ཤང་གི་ཅིག་ཅར་བའི་ལྟ་བ་བོད་དུ་རྩ་འཛུགས་མ་བཅུག་པ་ནི། གང་ཟག་ལ་ལྟོས་ནས་ཡིན་གྱི་ལྟ་བའི་དབང་གིས་མིན་པ་གཞུང་ལས་ཤེས་ནུས་ཤིང་།” ཞེས་བབ་ཅོལ་དུ་སྨྲ་བར་བྱེད་དོ། ། ཐོས་པའི་བྱ་སྤུ་མང་དུ་སྐྱེས་ཀྱང་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་སྒྲོ་རྐང་ཆག་པའི་ཁ་མང་པ་ཁྱོད་རང་། ལྟ་སྒོམ་ཅིག་ཆར་བ་ཞིག་ཡིན་པ་ཙམ་གྱིས་གསང་སྔགས་རྫོགས་པ་ཆེན་པོ་དང་གཅིག་པར་འགྱུར་དགོས་ན་ཧ་ཅང་ཐལ་ཏེ། ལྟ་སྒོམ་ཅིག་ཆར་བའི་ཆོས་དང་གང་ཟག་གཉིས་ཀ་ཐ་ན་མདོ་ཉན་ཐོས་པའི་ལུགས་ལ་ཡང་ཡོད་པས། འོད་སྲུངས་དང་ཤཱ་རའི་བུ་སོགས་ལྟ་བ་ཅིག་ཆར་དུ་རྟོགས་ཏེ་སངས་རྒྱས་ཀྱི་སློབ་མར་གྱུར་ཚུལ་མདོ་དང་བསྟན་བཅོས་གཉིས་ཀར་གྲགས་པ་བཞིན་ནོ། །
དེ་ཡང་རྫོགས་ཆེན་གྱི་རིག་པ་ནི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཆོས་ཉིད་རྩལ་དུ་བཏོན་ནས་སྨིན་གྲོལ་གྱི་ཐབས་ལ་བརྟེན་ཏེ་ཡེ་ཤེས་ངོ་སྤྲོད་པའི་ཡང་གསང་སྔགས་ཀྱི་ལྟ་བ་ཡིན་ལ། གཅིག་ཤོས་དེ་ནི་ངོ་བོ་སྟོང་པའི་ཆོས་ཉིད་རྩལ་དུ་བཏོན་ནས་མི་རྟོག་པའི་གཞག་ཐབས་ཀྱིས་ཡེ་ཤེས་ལ་གོམས་པར་བྱེད་པའི་མདོ་ལུགས་ཅིག་ཆར་བའི་ལྟ་བ་ཡིན་པས། དེ་གཉིས་ཀྱི་ལྟ་སྒོམ་ནི་ཉི་མ་དང་མར་མེ། བྱ་ཁྱུང་དང་བྱིའུ་ལྟ་བུའི་ཁྱད་པར་ཡོད་པ་ཤེས་པར་བྱེད་དགོས་སོ། །
ལྔ།
ཀུན་མཁྱེན་མི་ཕམ་པ་དགུང་ལོ་ཆུང་དུས་སྦ་བཞེད་དང་། ཀ་མ་ལ་ཤཱི་ལའི་སྒོམ་རིམ་དག་ལ་གཞི་བཅོལ་ནས། ངེས་ཤེས་སྒྲོན་མེ་སོགས་ལས་ཧ་ཤང་གི་ལྟ་བ་འདི་ཉིད་མཐའ་གཅིག་ཏུ་འགོག་གིན་ཡོད་པ་ལྟར་སྣང་ཡང་། ཕྱིས་སུ་རབ་གསལ་བརྒལ་ལན་ནང་དུ། “གལ་ཏེ་ཧ་ཤང་གིས་རྣམ་པར་མི་རྟོག་པའི་ཡེ་ཤེས་མདོ་དང་བསྟན་བཅོས་ཆེན་པོ་རྣམས་ལས་ཇི་སྐད་གསུངས་པ་ལྟར་གཏན་ལ་ཕེབས་ཡོད་ན། སྦྱིན་སོགས་ཐབས་ཀྱི་ཆ་བཀག་པ་འབའ་ཞིག་ཏུ་བསྟན་པ་སྐད་དུ་དེང་སང་བཤད་པའི་རྣ་ཐོས་གཏམ་རྒྱུད་འདི་ཡང་མི་བདེན་པར་ངེས་ཏེ། ཞེས་གསུངས་ནས་ཧ་ཤང་སྐོར་གྱི་སྒྲུང་གཏམ་དེ་དག་ལ “གཏམ་རྒྱུད” ཅེས་པའི་མིང་གིས་བཏགས་ཏེ་དེ་ཉིད་མི་བདེན་པ་ཡང་ཡིན་སྲིད་པའི་ཐེ་ཚོམ་གྱི་རྣམ་འགྱུར་བསྟན་གནང་བ་རེད།
དེ་ཙམ་དུ་མ་ཟད་བོད་སྔ་རབས་པའི་དབུ་མའི་ཁས་ལེན་འཛིན་སྟངས་དེ་ཧ་ཤང་གི་ལྟ་བ་དང་འདྲ་བར་སྨྲ་བ་ལ་ལན་འདེབས་གནང་སྐབས་ཀྱང་། སྔོན་གྱི་རྒྱ་ནག་དགེ་སློང་གིས་ཅི་ཡང་ཡིད་ལ་མི་བྱེད་པའི་རྒྱབ་བརྟེན་དུ་མདོ་སྡེ་བརྒྱད་ཅུ་ཁུངས་སུ་བྱས་ཞེས་གྲགས་པའི་གཏམ་རྒྱུད་ཙམ་ལས། མདོ་སྡེའི་ལུང་དྲངས་པ་དང་། དེའི་དོན་ཇི་ལྟར་གཏན་ལ་ཕབ་པའི་ཡིག་ཆ་གང་ཡང་དེང་སང་མི་སྣང་བས། དེ་དང་གཞན་འདྲ་མི་འདྲ་ཡང་ཇི་ལྟར་ཤེས་ནུས་ཏེ། འདྲ་གཞི་མ་ངེས་པའི་ཕྱིར་རོ། ། ཞེས་དབུ་མ་སྔ་རབས་པའི་ལྟ་བའི་འདྲ་གཞིར་བཤད་པའི་ཧ་ཤང་གི་ལྟ་བ་དེ་ད་དུང་རང་གཞན་སུས་ཀྱང་གསལ་པོར་ངེས་ཀྱི་མེད་པར་གསུངས་འདུག །
བོད་སྔ་རབས་ཀྱི་དབུ་མའི་ལྟ་སྒོམ་འཛིན་པ་དག་གིས་ཧ་ཤང་གླེང་བ་ཅུང་མང་པོ་ཡིན་པ་དང་། དུས་རྒྱུན་དུ་ལྟ་བ་ཧ་ཤང་དང་འདྲ་དོགས་ཆེན་པོ་ཞིག་གནང་གིན་འདུག་ནའང་། ཧ་ཤང་ཟེར་བ་དེ་ནི་རྦ་བཞེད་སོགས་ལས་བསྟན་པ་ལྟ་བུའི་གླེན་པ་སྨྲ་རྒྱུ་མེད་པའམ། རྒྱ་ཡི་བན་དེ་གཞུང་ལུགས་ལ་རྨོངས་པ་ཞིག་ནི་གཏན་ནས་ཡིན་ཚོད་མི་འདུག་ལ། གླེང་གཞི་འདི་དང་ཤིན་ཏུ་འབྲེལ་ཆེ་བའི་རྙིང་བན་ཆེན་པོ་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཟུར་དུ་བཞག་པའམ། ཡང་ན་ཁུང་བཙུན་གྱི་ཡིག་རྙིང་རྒན་པོ་བདེན་ལུགས་ཀྱི་ཐིག་ཤིང་ཅན་བསམ་གཏན་མིག་སྒྲོན་གླེང་རྒྱུ་ལྷག་འདུག་པ་དང་།
དེ་ཙམ་མ་ཟད་ཏུན་ཧོང་གཏེར་ཡིག་ནང་གི་ཧ་ཤང་གསུང་རྩོམ་དེ་དག་གིས་ཀྱང་ད་ལྟ་གསལ་ཞིང་དག་པའི་སྒོ་ནས་གཏམ་སྨྲ་བཞིན་འདུག་པས། སྦ་ཡེ་ཤེས་དབང་པོ་དང་། སྦ་དཔལ་དབྱངས་སོགས་ཀྱི་ཕྱོགས་སུ་མཐའ་གཅིག་ཏུ་ལྷུང་ནས་བྲིས་པའི་བོད་ཀྱི་ལོ་རྒྱུས་སྦ་བཞེད་ཁག་དང་། དབུ་མ་རང་རྒྱུད་དུ་སྨྲ་བའི་སློབ་དཔོན་རིམ་གྱིས་པ་ཞིག་གིས་སྦ་ཡེ་ཤེས་དབང་པོའི་ཞལ་ལ་ཉན་ཏེ་བྲིས་པའི་སྒོམ་རིམ་བར་ཐ་སོགས་ལ་ཡིན་ཅོག་ཅོག་གི་བདེན་ཁ་ཞིག་ནི་སྟེར་གྱི་མི་འདུག་གོ །
དྲུག །
སྟོན་ཙེན་ཕྱོགས་གཉིས་ཀའི་ཡིག་ཆ་དག་ལ་ཅུང་ཟད་མཇལ་ཞིང་། གང་གི་ཡང་ཕྱོགས་སུ་མ་ལྷུང་པར་དཔྱད་ནས་རང་གི་བློས་དཔོག་ཚོད་ལྟར་སྨྲས་ན། ཧ་ཤང་གི་ལྟ་སྒོམ་བོད་དུ་མ་ཚུགས་པ་དེ་རྩོད་པའི་རྒྱལ་ཕམ་གྱིས་ཡིན་ཟེར་བ་དག་ལ་ནི་ཁུངས་བཙན་གྱི་གཏམ་སྨྲ་རྒྱུ་མི་འདུག་ལ། ལ་ལས་ཆབ་སྲིད་ཀྱི་དགོས་མཁོ་ཡོད་སྲིད་ཅེས་པ་ཙམ་ལས་གསལ་ཆ་དེ་ཙམ་མི་སྣང་བས། ཡིན་ངོ་མ་ནི། སྐབས་དེ་དུས་ཀྱི་ཧ་ཤང་གི་ལྟ་སྒོམ་དེ་ཆོས་རྒྱལ་ཆེན་པོ་དང་སློབ་དཔོན་ཀ་མ་ལ་ཤཱ་ལའི་སྙན་ངུ་སྒྲོན་མཁན་དེར་འབྲེལ་བ་དམ་ཟབ་ཡོད་པ་མཐོང་བྱུང་། དེ་ཡང་སྦ་བཞེད་ཞབས་བཏགས་མ་ལས། དེའི་བར་དུ་ཡེ་ཤེས་དབང་པོས་མཁན་པོ་དང་ཧ་ཤང་གཉིས་ཀྱི་ལྟ་བ་དགོངས་པ་ཇི་ལྟར་ཡིན་པ། བཙན་པོའི་སྙན་དུ་གསོལ་བས། བཙན་པོའི་དགོངས་པ་གྲོལ་ནས་དགེས་ཆེ་སྟེ། ཡེ་ཤེས་དབང་པོའི་ཞབས་ཕྱག་འཚལ་ཞིང་ཁྱོད་ངའི་ཨ་ཙརྱའོ་ཅེས་ཡང་ཡང་གསུངས། ཞེས་འཁོད་འདུག ། ལུང་འདིའི་ནང་གི“དེའི་བར་དུ”ཞེས་པ་ནི། ཀ་མ་ལ་ཤཱི་ལ་གདན་འདྲེན་དུ་བཏང་ནས་བོད་དུ་ཕེབས་པའི་བར་ལ་གོ་དགོས་པས། དུས་ཡུན་དེའི་བར་དུ་ཧ་ཤང་མ་ཧཱ་ཡ་ནའི་ལྟ་སྒོམ་ལ་ཐུགས་མོས་གཏན་ནས་མེད་པའི་སྦ་ཡེ་ཤེས་དབང་པོ་ལགས་ཀྱིས་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྙན་དུ་ཧ་ཤང་གི་ལྟ་སྒོམ་ངོ་སྤྲོད་ཞུས་འདུག །
ངོ་སྤྲོད་ཞུ་སྟངས་ནི་སྦ་བཞེད་ཀྱི་ཡིག་ཆ་དག་གི་ནང་དུ་ཇི་ལྟར་འཁོད་པ་བཞིན། རིམ་གྱིས་པའི་ཕྱོགས་སུ་ལངས་ཏེ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་བཙན་པོ་གཉིས་ཀར་ཞུས་ཡོད་པར་ངེས་ཏེ། ཀ་ཤཱའི་སྒོམ་རིམ་ཐ་མའི་ནང་དུ་ངེས་པར་དུ་དཔྱད་པ་སྔོན་དུ་འགྲོ་དགོས་པ་དང་། མ་དཔྱད་ན་སོ་སོར་རྟོགས་པའི་ཤེས་རབ་སྤངས་པ་ཡིན་པས། སྒོམ་དེ་ནི་བརྒྱལ་བ་དང་ར་རོ་བ་ལྟར་འགྱུར་ཚུལ་སོགས། ཕྱོགས་སྔ་མེད་པའི་དགག་པ་མང་དུ་མཛད་འདུག་པའི་ཕྱིར་རོ། །
དེ་ལྟ་བུའི་དྲང་པོ་དྲང་བཞག་གི་ཀུན་ཏུ་སྤྱོད་པ་ཅུང་ཟད་བརྗེད་དེ། སོ་སོའི་ལྟ་སྒོམ་གྱི་ཞེན་ཕྱོགས་སྟོབས་སུ་གྱུར་པས། བཙན་པོའི་བཀའ་དབང་ལ་རྒྱབ་བརྟེན་བཅོལ་ནས་སྦ་ཡེ་ཤེས་དབང་པོའི་ཕྱོགས་སུ་རེ་ཞིག་རྒྱལ་ཁ་ཐོབ། རྒྱལ་རྟགས་སུ། ལྟ་གྲུབ་ཀྱི་ཡིག་ཆ་སྒོམ་རིམ་ཐོག་མཐའ་བར་གསུམ་དང་། ལོ་རྒྱུས་ཀྱི་ཡིག་ཚང་སྦ་བཞེད་སོགས་བརྩམས། དུས་དེ་ནས་བཟུང་དྲན་མེད་དང་། མུན་སྒོམ། ཧ་ཤང་དང་། སྟོན་མུན་སོགས་ཀྱི་གཟུགས་བརྙན་གཅིག་ཏུ་གྱུར་ཏེ། ཕྱི་རབས་རྣམས་ལ་འཁྲུལ་གཞི་ཡི་ཐོ་ཡོར་རིང་པོ་ཞིག་རྒྱང་མ་ན་བསླངས་པ་དང་འདྲའོ། །
ཟླ་བ་མཚོ་རུ་ལྷུང་སྟེ། །
ར་རིའི་དྲི་མ་དག་སོང་། །
ཀུན་གསལ་ལྷ་ཡི་བུ་མོས། །
རྣ་བའི་རྒྱན་དུ་བཞེས་རོགས། །
ཞེས་ཀྱང་སྨྲ་བར་འདོད་དོ། ། ཁུངས་བཙན་ཡང་ཚིག་ཉུང་བའི་ཧ་ཤང་གི་ལྟ་བའི་ཕྲན་དཔྱད་རྣལ་འབྱོར་མིག་གི་བསམ་གཏན་ལ་མཇལ་བའི་རྐྱེན་གྱིས་བྲིས་པ་འདི་རེ་ཞིག་རྫོགས་སོ། །
བླ་མ་བཀའ་དྲིན་ཅན་རྣམས་དང་དགེ་འདུན་གྱི་མཆེད་པོ་དག་གི་ཐུགས་དང་འགལ་བ་མེད་པར་སྨོན་ཞིང་། དགེ་བ་བྱུང་ན་འགྲོ་བ་ཡོངས་ལ་བསྔོ་བ་ཡིན་ནོ། །
ཕྱི་ལོ 2017 ལོའི་ཟླ 2 ཚེས 6 ལ་ཀློང་ཆེན་འཛིན་གྲྭའི་སློབ་མ་ལེགས་བཤད་བཟང་པོས་མདོ་ཁམས་ཀྱི་ཆོས་གྲྭ་ཆེན་མོ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་བྲིས་པའོ། །